གསན་ཡིག་སྐབས་གཉིས་པ། རྗེ་བཙུན་འཇམ་པའི་དབང་མ་ཧོ་པཱ་དྷྱཱ་ཡ་བསོད་ནམས་ལེགས་པའི་འབྱུང་གནས་རྒྱལ་མཚན་ལས་རྡོ་རྗེ་ཐེག་པ་སོགས་ཉེ་བར་ནོས་པའི་སྐབས་གཉིས་པའོ།།
༄༅། །
གསན་ཡིག་སྐབས་གཉིས་པ་བཞུགས་སོ།། ན་མོ་་་་་་ཕྱག་འཚལ་ལོ། །
ཛ་ག་ཏཽ་གུ་རུ་སརྦྦི་ཡ་་་་་་འགྲོ་བའི་བླ་མ་ཐམས་ཅད་ལ། སརྦྦ་ཛྙཱ་ཡ་་་་་་ཕན་པར་མཛད་པའི་ཀུན་མཁྱེན་ལ། བསོད་ནམས་མར་རྒད་འཁྱིལ་པའི་ཆུ་གཏེར་དབུས་ན་རིན་ཆེན་གཞལ་མེད་ཁང་བརྩེགས་རྣམ་པར་བཀྲ་བའི་ཁྱམས་ཀྱི་ནང་དུ་རྟག་འཁོད་ནས། །
ལྷུན་གྱི་གྲུབ་པའི་རྨད་བྱུང་འདོད་དགུ་ཀུན་སྩོལ་མཁྱེན་པའི་ནོར་བུ་ཨིནྡྲ་ནཱི་ལ་ཐུགས་རྗེའི་ཡན་ལག་མཆོག་གིས་གཙུག་ཏུ་བརྒྱན། །
ལེགས་པར་གསུངས་པའི་ཆོས་ཀྱི་འབྱུང་གནས་པདྨ་རཱ་གའི་འོད་ཅན་རོ་འཛིན་དབང་པོས་རྣམ་ཀུན་མཆོག་ལྡན་ཕུ་ཊའི་དབྱངས་སྒྲོགས་ཤིང་། །
རྒྱལ་བའི་མཚན་དང་དཔེ་བྱད་དཔལ་གྱི་གཟི་འོད་རབ་འཕྲོ་གསེར་བཟང་རྒྱན་གྱི་ཉེ་བར་མཛེས་པའི་མཁས་མཆོག་ཀླུ་ཡི་དབང་པོར་འདུད། །
བསོད་ནམས་དང་ཡེ་ཤེས་བསམ་གྱི་མི་ཁྱབ་པའི་ཚོགས་གཉིས་ལས་ལྷུན་གྱིས་གྲུབ་པའི་དགེ་ལེགས་རྒྱ་མཚོ་ལྟ་བུ་ལ་ལོངས་སྤྱོད་པའི་པཎྜི་ཏ་ཆེན་པོ་དྲི་མ་མེད་པའི་གཞུང་ལུགས་འབུམ་ཕྲག་དུ་མའི་འབྱུང་གནས་གྲུབ་པ་ཆེན་པོའི་ས་ལ་མངོན་པར་བཞུགས་ཤིང་། འཆད་རྩོད་རྩོམ་པའི་རྒྱལ་མཚན་ཕྱོགས་ཀུན་ཏུ་བསྒྲེངས་པས་སྲིད་ཞིའི་དཔལ་ཡོན་བཟང་པོས་ནོར་འཛིན་བྱང་ཕྱོགས་བྷོ་ཊའི་ཡུལ་ཁམས་ཕན་བདེར་མཛད་པའི་འདྲེན་པ་དམ་པ་རྗེ་བཙུན་པུ་ཎྜྻ་ནི་རཱ་བྷོ་ག་སུ་བྷཱ་ཀཱ་ར་དྷྭ་ཛ་ཤྲཱི་བྷ་དྲའི་ཞལ་སྔ་ནས་ལེགས་པར་བཤད་པའི་གསུང་རབ་ཐོས་པའི་ཚུལ་མདོ་ཙམ་བརྗོད་ན། རྒྱུད་སྡེ་བཞིའི་དབང་བསྐུར་བ་དང་། བྱིན་རླབས་རྗེས་གནང་ནོད་པ་དང་། བཤད་བཀའི་ལུང་སོགས་ཇི་ལྟར་མནོས་པའི་ཚུལ་གཉིས་ལས། དང་པོ་ནི་ཐོག་མར་བྱ་བ་སྤྱིའི་རྒྱུད་ནས་བཤད་པ་རིགས་གསུམ་སྤྱིའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་པ་ནི། བཛྲ་དྷ་ར། བཛྲ་པཱ་ཎི། མ་ཧཱ་ཨིནྟྲ་བྷཱུ་ཏི། མ་དྷཱ་མ། མྲྀ་དྷུ། ནཱ་གཱརྫུ་ན། ནཱ་ག་བོ་དྷི། ཁ་ཆེ་ཡེ་ཤེས་རྡོ་རྗེ། ལོ་ཆུང་གྲགས་འབྱོར་ཤེས་རབ། ས་སྐྱ་པ་ཆེན་པོ། སློབ་དཔོན་རྩེ་མོ། །
རྗེ་བཙུན་པ། ས་སྐྱ་པཎ་ཆེན། དེ་གཉིས་ཀ་ལ་དཀར་སྟོན་ཤཱཀྱ་གྲགས། དེ་ནས་བ་དེ་ལུང་པ་ཀུན་བཟང་དཔལ། གུང་པ་དྷརྨ་ཡེ་ཤེས། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་ངག་དབང་། གཉག་སྟོན་བྱང་ཆུབ་སེང་གེ། ས་བཟང་འཕགས་པ། ཆོས་རྗེ་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། རྗེ་བཙུན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་ནས་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ས་སྐྱ་ལོ་ཙཱ་བ་ལའོ། །
རྗེ་བཙུན་གྱིས་མཛད་པའི་དཀྱིལ་ཆོག་གི་ལུང་ཡང་ཐོབ་བོ།། ༈ །རྡོ་རྗེ་རྣམ་འཇོམས་ལྷ་བཅུ་དགུའི་བདག་ཉིད་བྲམ་ཟེ་མ་ཎི་བཛྲ་གྱི་ལུགས་ཀྱི་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས།བྱམས་པ། གཾ་ག་དྷ་ར། མ་ཎི་བཛྲ། ཛ་ཡ་ཝརྨ། ཡེ་ཤེས་དཔལ། ལོ་ཙཱ་བ་ཅོག་གྲུ་རབ་ཞི། ཡོན་ཏན་ལེགས། བསམ་གཏན་དབང་ཕྱུག དོན་གྲུབ་ཡེ་ཤེས། ཆོས་ཀྱི་བློ་གྲོས། རྡོ་རྗེ་རྒྱལ་མཚན། དོན་ཡེ་གཉིས་པ། དཀོན་མཆོག་རྡོ་རྗེ། ཤེས་རབ་འབུམ། རོང་པ་ཆོས་མགོན། ལོ་ཙཱ་བ་མཆོག་ལྡན། བུར་སྟོན་བསོད་དབང་། བྱ་སྡེར་བ་བྱང་ཆུབ་རིན་ཆེན། བྱ་སྡེར་བ་བྱང་ཆུབ་གཞོན་ནུ། བྱ་སྡེར་བ་མཁན་པོ་བྱམས་པ་རིན་ཆེན། བྱ་སྡེར་བ་བྱང་ཆུབ་སེང་གེ། ས་བཟང་འཕགས། ཆོས་རྗེ་ཀུན་དགའ་བཟང་པོ་མན་གོང་དང་འདྲ། གཙོ་རྐྱང་གི་སྒྲུབ་ཐབས་གྃ་ག་དྷ་རས་མཛད་པ། ལྷ་བཅུ་དགུའི་སྒྲུབ་ཐབས། གཟུངས་བསྒྲུབ། ལས་བཞིའི་བུམ་ཆོག ལས་བཞིའི་སྦྱིན་སྲེག་རྣམས་མ་ཎི་ཀ་བཛྲས་མཛད་པ། ལས་སྒྲུབ་པའི་འཁོར་ལོའི་ཆོ་ག་ཛྙཱ་ན་ཤྲཱིས་མཛད་པ། དེ་ཉིད་དང་རབ་ཞི་བཤེས་གཉེན་གྱིས་བསྒྱུར། བསྟོད་པ་རྣམས་ཐོས་སོ། །