logo
སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་དཀའ་བའི་གནད་རྣམ་པར་འབྱེད་པ་ཞིབ་མོ་རྣམ་འཐག
----- གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། -----
༄༅། ། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་དཀའ་བའི་གནས་རྣམ་པར་འབྱེད་པ་ཞིབ་མོ་རྣམ་འཐག་བཞུགས་སོ།། ན་མོ་བི་ཛ་ཡ། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་དཀའ་བའི་གནས་རྣམ་པར་འབྱེད་པ་ཞིབ་མོ་རྣམ་འཐག་ཅེས་བྱ་བ། རྗེ་བཙུན་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ཞིང་སྐབས་སུ་མཆིའོ། ། བྱིན་གྱིས་བརླབ་ཏུ་གསོལ། སྟོབས་ལྡན་བདུད་རྩི་གསུང་གི་འོད་དཀར་གྱིས། ། སྲེག་བྱེད་མཆེ་བའི་རྩེ་ལས་ཕྱུང་བའི་དུག །གཡོ་ལྡན་སྙིང་ལ་ཞེན་པ་ཀུན་ཕྲོགས་ནས། ། ཟབ་དོན་བཅུད་ཀྱི་འཚོ་བ་གང་དེ་དང་། ། རྟོག་མེད་མཚོ་ཆེན་སྙིང་པོ་མེད་པའི་གཟིངས། ། ལྟ་བའི་རྦ་ཀློང་འཁྲུགས་པ་རྣམས་སྤངས་ནས། ། རྩོད་མེད་འཆི་བའི་གོ་འཕང་སར་བཞུགས་པའི། ། གྲུབ་པའི་དབང་པོ་ཀུན་ལའང་ཕྱག་འཚལ་ལོ། ། གངས་རིའི་ཁྲོད་འདིར་འགྲན་ཟླས་དབེན་པ་ཡི། ། རྣལ་འབྱོར་བྱང་ཆུབ་བརྒྱུད་པར་བཅས་རྣམས་ཀྱི། ། གསུང་ལ་ནོར་བའི་གླགས་ལྟ་ག་ལ་ཡོད། ། འོན་ཀྱང་སྙིགས་དུས་རྣམ་པར་བསླད་པའི་བློས། ། རང་དགར་སྨྲས་འདི་རྗེས་སུ་འབྲང་ངོ་ཞེས། ། བློ་ཆུང་དོགས་པར་བྱེད་དང་གཞན་དག་ལའང་། ། སོམ་ཉི་བསྐྱེད་པར་མཐོང་ནས་ཚུལ་འདི་བཤད། ། ཡང་དག་མཆོག་དོན་གཉེར་བའི་སྐྱེ་བོ་རྣམས། ། གཟུ་བོས་ཚུལ་འདི་ལྟོས་ལ་རིག་པས་ལོངས། ། སྣང་བའི་གྱ་གྱུ་རང་གཞན་འཇོམས་བྱེད་དག །དཔལ་ལྡན་དུས་དགྲའི་ཞབས་ནི་དྲན་པར་གྱིས། ། འདིར་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་ཆོས་ཆེན་པོ་འདི་ཉིད་ལ། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོས་ལེགས་པར་བཤད་ནས། བླ་མ་ཆོས་ཀྱི་རྗེ་ཀུན་དགའི་མཚན་ཅན་གྱིས་ཕྲིན་ལས་ཤིན་ཏུ་དར་བའི་དུས་ཡན་ཆད་ནི། རྩོད་པ་དང་ངན་པར་དོགས་པ་ཅི་ཡང་མེད་དོ། ། དུས་ཕྱིས་གཞུང་ལུགས་དུ་མ་ལ་མཁས་པ་ཆེན་པོ་དག་གིས་ཀྱང་། ཆོས་འདི་པའི་ལྟ་གྲུབ་ཀྱི་གནད་དང་ལུགས་གཞན་དག་གིས་འདོད་ལུགས་མཐུན་བསྡེབས་ནས་དྲི་བ་དང་དྲི་ལན་མང་དུ་མཛད་པ་རྣམས་ལ། འགའ་ཞིག་གིས་དེ་ཀ་བཞིན་དུ་འཐད་དོ་ཞེས་ཟེར་བ་དང་། ལ་ལ་དག་བླ་མ་གོང་མའི་ལུགས་དང་ཅུང་ཟད་མི་མཐུན་ཡང་། ལུགས་གཞན་དེ་ཉིད་ཁྱད་པར་དུ་འཕགས་སོ་སྙམ་པ་དང་། གཞན་དག་ཐེ་ཚོམ་གྱི་ཕྱོགས་ལ་འཕྱང་ཞིང་། ཕལ་ཆེར་འདི་ལྟ་བུའི་དགག་སྒྲུབ་རྣམས་དགོས་པ་མེད་དོ་སྙམ་པ་དག་སྣང་བས། དེ་རྣམས་ལ་ཐེལ་ཕབ་ནས་དྲང་པོའི་གཏམ་འདི་ཕུལ་གྱིས། ཕྲག་དོག་དང་ཁེངས་པའི་སྐྱོན་གྱིས་མ་སྒྲིབ་པར་གཟིགས་ཤིག དེ་ལ་གཉིས་ཏེ། ལུགས་གཉིས་མི་མཐུན་པ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་ལུགས་འདི་ཉིད་དང་འགལ་བར་བསྟན་པའོ། ། དང་པོ་ནི། ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་ལུགས་འཐད་པར་ཁྱེད་རང་གིས་ཁས་བླངས་ཤིང་གཞན་རྣམས་ཀྱང་འདོད་ལ། གཉིས་ཀ་དངོས་པོའི་གནས་ལུགས་ལ་མི་མཐུན་པའི་དབང་གི་གཉིས་སུ་མ་ཕྱེད་པར་གནས་ལུགས་འདོད་ཚུལ་གཉིས་ཀ་སྐྱོན་མེད་པ་གཉིས་སུ་དབྱེ་བ་ཉིད་ཤིན་ཏུ་མི་རིགས་པའམ་འགལ་བ་མི་འཁྲུལ་བའི་ཚད་མ་ལེན་དགོས་ཤིང་འདི་ལྟ་བུ་སྨྲ་བའི་གང་ཟག་ཁྱེད་རང་ཉིད་ཕྱོགས་གང་དུ་ཡང་མ་གཏོགས་པར་ཁས་ལེན་དགོས་ཏེ། ཕྱོགས་གཉིས་ནི་རང་རང་གི་གནས་ལུགས་ཁོ་ན་ཁས་ལེན་ལ། ཁྱེད་ཀྱིས་གཉིས་ཀ་ཁས་བླངས་པས་སོ། ། འདོད་ན། གྲུབ་མཐའ་སྨྲ་བ་བཞི་ལས་ལོགས་སུ་ཐོན་ནོ། ། ཡང་སློབ་དཔོན་ཆེན་པོ་རཏྣ་ཨཱ་ཀ་ར་ཤནྟི་པ་ཉིད་ཀྱིས་བཞེད་པ་ཡང་། གཞན་སྟོང་གི་ཕྱོགས་སུ་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱི་ཕུགས་ཀྱི་དགོངས་པ་རྣམས་གྲངས་ནས་འཆད་པ་ཡིན་གྱི་མི་མཐུན་པ་གཉིས་ཕྱོགས་གཅིག་ཏུ་འཆད་པ་གཏན་ནས་མིན་ཏེ། དེ་ཉིད་ཀྱི་ཤེར་ཕྱིན་སྒོམ་པའི་མན་ངག་ལས། ཀླུ་སྒྲུབ་ཀྱི་ནི་ཞལ་སྔ་ནས་ཀྱང་། འབྱུང་བ་ཆེ་ལ་སོགས་བཤད་པ། །