བཞི་ཐོག་མགོན་ཁང་ཆེན་མོ་གསར་དུ་བཞེངས་པའི་དཀར་ཆག་བླ་མའི་ལུང་བསྟན་མངོན་དུ་གྱུར་པའི་ངོ་མཚར་གཏམ་གྱི་ཕྲེང་བ་ཞེས་བྱ་བ།
༄༅། །
བཞི་ཐོག་མགོན་ཁང་ཆེན་མོ་གསར་དུ་བཞེངས་པའི་དཀར་ཆག་བླ་མའི་ལུང་བསྟན་མངོན་དུ་གྱུར་པའི་ངོ་མཚར་གཏམ་གྱི་ཕྲེང་བ་ཞེས་བྱ་བ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་ངག་བདུད་རྩིའི་ཉིང་ཁུ་སོར་བཞག་ལ་རབ་མྱོས་ཞེས་པ་ལྕགས་ཕོ་རྟའི་ལོ་མགོན་ཁང་ཆེན་མོ་དེ་ཉིད་ཀྱི་མདོ་ཚོམས་ཆེན་ངོ་མཚར་ཅན་ལ་ཉམས་གསོ་གསར་བཞེངས་ལྟ་བུར་བགྱིས་སྐབས་ཀྱི་དཀར་ཆག་འཇམ་མགོན་གོང་མ་དགྱེས་པའི་མཆོད་རྫས་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཤྲཱི་མཧཱ་ཀ་ལ་ཡེ། ངོ་མཚར་རྒྱལ་ཀུན་ཐུགས་བསྐྱེད་རྒྱ་མཚོ་ལས། །
ལེགས་འོང་གདུལ་བྱའི་མཁའ་ལ་གཟུགས་སྐུའི་ཉི། །
རྨད་བྱུང་མཛད་པའི་འོད་བརྒྱས་བསྟན་འགྲོའི་དཔལ། །
སྟེར་མཁས་འཇམ་མགོན་ཀུན་དགའ་བསོད་ནམས་རྒྱལ། །
དམ་པ་གང་དེའི་ཐུགས་བསྐྱེད་རྨད་བྱུང་གིས། །
བསྐྲུན་པའི་མ་ཧཱ་ཀཱ་ལའི་ཕོ་བྲང་ཆེ། །
དེ་དང་སྟབས་གཅིག་རིག་འཛིན་དགེ་འདུན་གྱི། །
འདུ་ཁང་ཆེན་མོ་གསར་སྤེལ་མཛད་འཕྲིན་ལ། །
ཞབས་འདེགས་ཚུལ་དུ་ཀུན་བློ་མཆེད་བཅས་ཀྱིས། །
ཉམས་གསོ་བགྱིས་པའི་དཀར་ཆག་མདོ་ཙམ་ཞིག །འབྲི་ལའང་ཐོག་མར་སྔགས་འཆང་ཐམས་ཅད་མཁྱེན། །
འཇམ་མགོན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས། །
མཛད་པའི་དཀར་ཆག་རྙིང་པ་ཉིད་སྨོས་ན། །
གངས་རིའི་ཁྲོད་འདིར་གདན་ས་ཐམས་ཅད་ཀྱི། །
མཆོག་ཏུ་གྱུར་པ་དཔལ་ལྡན་ས་སྐྱ་ཡི། །
བཞི་ཐོག་བླ་བྲང་ཆེན་མོའི་ནུབ་ཕྱོགས་འདིར། །
གུར་གྱི་མགོན་པོ་ལ་སོགས་ས་སྐྱ་པའི། །
བཀའ་སྲུང་རྣམས་ཀྱིས་རྗེས་བཟུང་རྣལ་འབྱོར་པ། །
སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས། །
སྔོན་ནས་མེད་པ་གསར་དུ་བསྐྲུན་པ་ཡི། །
མགོན་ཁང་ཆེན་མོ་སྲིད་གསུམ་རྣམ་རྒྱལ་ཞེས། །
མཚན་དུ་གསོལ་འདི་སྔོན་ཚེ་བཀའ་དྲིན་ཅན། །
ཡབ་རྗེ་སྦས་པའི་སངས་རྒྱས་གྲགས་པའི་མཚན། །
དེ་ཉིད་གསུང་ལས་ངེད་ཀྱིས་བསམ་པ་ལ། །
ཇི་ལྟར་ཡོད་པའི་རིགས་འཛིན་ལྷ་ཁང་དང་། །
དེ་ཡི་འོག་གི་མགོན་ཁང་གསར་བཞེངས་སོགས། །
ངེད་ཀྱིས་རེ་བའི་ལྷག་མ་འདི་དག་ཀུན། །
ཁྱེད་ཀྱིས་ལག་ལེན་བྱེད་དགོས་འགྱུར་རོ་ཞེས། །
སྔགས་འཆང་དེ་ཉིད་གཞན་ངོར་སྐུ་བསྙེན་པའི། །
རྣམ་པ་ཙམ་ཡང་སྟོན་པར་མ་མཛད་པའི། །
སྔོན་རོལ་ཉིད་ནས་ཡང་ཡང་བཀའ་བསྩལ་པ། །
དེང་དུས་མངོན་དུ་གྱུར་ཚེ་ཡབ་རྗེ་དེར། །
དུས་གསུམ་སྒྲིབ་མེད་གཟིགས་པའི་ཡེ་ཤེས་སྤྱན། །
ངེས་པར་མངའ་བས་དད་པ་ཆེར་སྤེལ་ནས། །
ཡི་དམ་དུ་མའི་ཚོགས་ཀྱི་བྲིས་ཐང་དང་། །
ཆོས་སྐྱོང་གུར་ཞལ་དུར་ཁྲོད་བདག་པོ་དང་། །
ཕྱི་ནང་གསང་བའི་ལས་མཁན་དཀར་བདུད་དང་། །
ཕུར་སྲུང་བཅུ་གཉིས་དཔལ་ལྡན་དམག་ཟོར་མ། །
ཕྱག་བཞི་ཕྱག་དྲུག་བེང་དང་ཏྲག་ཤད་དང་། །
སྟག་ཞོན་ཞང་བློན་རྡོ་རྗེ་བདུད་འདུལ་སོགས། །
མདོར་ན་ཆོས་སྐྱོང་སྲུང་མའི་རིགས་མང་པོའི། །
བྲིས་ཐང་བླ་མ་གོང་མའི་ཕྱག་ནས་དང་། །
ཐུགས་དམ་རྟེན་གྱུར་ཡེ་ཤེས་མངོན་སུམ་དུ། །
བཞུགས་པར་ངེས་པའི་བྲིས་ཐང་བགྲང་ཡས་རྣམས། །
མགོན་ཁང་ཆེན་མོའི་ལོགས་དང་ཀ་བ་ཡི། །
ངེས་རྣམས་དག་ལ་བསྟན་པར་བཞུགས་གསོལ་ཞིང་། །
རྟེན་གྱི་གཙོ་བོ་ཡབ་རྗེ་དེ་ཉིད་ཀྱི། །
ཕྱག་བྲིས་འཁྲུལ་མེད་གུར་ཞལ་རྣམ་པ་གཉིས། །
འཁོར་དང་བཅས་པའི་བྲིས་ཐང་དྲུག་ཕྲག་གཅིག །ཁྱད་པར་བསྟན་སྲུང་སོ་སོར་དངོས་བྱོན་འདྲའི། །
འབུར་སྐུ་གསར་བཞེངས་གུར་མགོན་ལྷ་བཅུ་གཉིས། །
རུ་འདྲེན་སྡེ་བཞིར་བཅས་དང་ཞིང་སྐྱོང་གཙོ། །