logo
ཆོས་དང་ཆོས་མིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་རྣམ་པར་བཤད་པ་ཐུབ་བསྟན་གསལ་བའི་སྒྲོན་མེ།
----- དགེ་སློང་ཀུན་དགའ་བཀྲ་ཤིས། -----
༄༅། ། ཆོས་དང་ཆོས་མིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་རྣམ་པར་བཤད་པ་ཐུབ་བསྟན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།། ཨོཾ་སྭ་སྟི་སིདྷཾ། རབ་འབྱམས་རྒྱལ་བ་རྒྱ་མཚོའི་རྡུལ་རྙེད་བདེ་ཆེན་ཆོས་སྐུར་དབྱེར་མེད་ཀྱང་། ། འགྲོ་བའི་དོན་སླད་ཞིང་འདིའི་སྟོན་པ་ཟས་གཙང་སྲས་པོ་ཤཱཀྱའི་རྟོག །ཞབས་ཟུང་པདྨོ་རིན་ཆེན་འོད་འབར་ལྷར་བཅས་གཙུག་ན་རྟག་པར་རྒྱལ། ། འཛམ་གླིང་མཛེས་པའི་རྒྱན་དང་མཆོག་སོགས་རྒྱ་གར་རིང་ལུགས་གསལ་མཛད་པཎ་ཆེན་ཚོགས། ། འཕགས་ཡུལ་དམ་ཆོས་སྒྲོན་མེ་སྦར་ཏེ་མུན་གཏུམ་ཆོས་ཀྱི་སྣང་བས་གསལ་མཛད་པ། ། སྐྱེས་མཆོག་ལོ་པཎ་ཐུགས་རྗེ་ཅན་རྣམས་བཀའ་དྲིན་དམ་པ་སྙིང་ནས་རྗེས་སུ་དྲན། ། གང་དེའི་བྱེད་པོ་སྤྲུལ་པའི་ཆོས་རྒྱལ་མེས་དབོན་སྲས་བཅས་རྣམས་ལའང་གུས་པས་འདུད། ། ཆོ་རིགས་བཙུན་པ་གནམ་ལྷའི་རིགས་འཁྲུངས། ། དྲི་མེད་འཁོན་གྱི་རྒྱུད་པར་ལེགས་བྱོན། ། རིགས་གསུམ་རྣམ་འཕྲུལ་ས་སྐྱ་པ་ཞེས། ། གྲགས་པའི་གདུགས་དཀར་སྲིད་ན་མངོན་མཐོ། ། ཕྱི་དུས་བསྟན་དང་འགྲོ་བའི་དོན་ཕྱིར། ། འཇམ་པའི་དབྱངས་ཉིད་ངུར་སྨྲིག་གོས་འཆང་། ། བསྟན་པའི་སྒྲོན་མེ་ས་སྐྱ་པཎ་ཆེན། ། ཡིད་རབ་དང་བས་ཀུན་ནས་མཆོད་དོ། ། བསོད་ནམས་གངས་རིའི་པོ་ལ་རྣམ་འགྱིང་ཞིང་། ། བསླབ་གསུམ་ལུས་རྒྱས་ལུང་རིགས་མཆེ་སྡེར་སྒྲད། ། འཕྲིན་ལས་རལ་ཚོགས་རྣམ་པར་སྐྱོད་མཁས་པ། ། ཀུན་མཁྱེན་སྨྲ་བའི་སེང་གེས་བདག་སྐྱོངས་ཤིག །དཔག་ཡས་ནུས་ལྡན་བླ་ཆེན་རྡོ་རྗེ་འཛིན། ། མཁྱེན་རབས་དབང་པོ་རྗེ་བཙུན་འཇམ་པའི་དབྱངས། ། ཐུགས་རྗེའི་མངའ་བདག་བསོད་ནམས་རྒྱལ་མཚན་ཞབས། ། འགྲོ་བའི་མགོན་པོ་བརྒྱུད་པར་བཅས་ལ་འདུད། ། སྡོམ་གསུམ་བཀའ་དྲིན་སྩོལ་མཛད་བླ་མ་དམ་པ་དང་། ། གང་ལས་བྱུང་བའི་འཁྲུལ་མེད་བརྒྱུད་པར་ལྡན། ། དངོས་གྲུབ་འབྱུང་གནས་ཞི་ཁྲོ་ལྷ་ཡི་ཚོགས། ། བསྟན་སྲུང་འཁོར་དང་བཅས་ལ་གུས་མཆོད་ནས། ། འཁོན་སྟོན་དབང་པོའི་མཚན་ཅན་བཀའ་སྩལ་ལྕི། ། ཀླུ་རྒྱལ་གཙུག་རྒྱན་བཞིན་དུ་གུས་བླངས་ཏེ། ། སྔོན་བྱོན་མཁས་པའི་གསུང་རབ་ལ་བརྟེན་ནས། ། བསྟན་བཅོས་ཆེན་པོའི་རྣམ་བཤད་བགྱིད་པར་སྤྲོ། ། མཁས་པའི་རྣམ་བཤད་བྱུང་བའི་ཚུལ་ནི། ཆོས་རྗེ་ཉིད་ཀྱི་རང་མཆན་མདོར་བསྡུས་ཡོད། ། ཆག་ལོ་ཞང་ལོ་གློ་བོ་ལོ་ཙཱ་སོགས། ། ཆོས་རྗེ་ཁུ་དབོན་གཉིས་ཀྱི་བྲིས་ལན་རྣམས། ། སྡོམ་གསུམ་རབ་དབྱེར་དགོས་པའི་ཡི་གེ་ཡིན། ། ཆོས་རྗེའི་དངོས་སློབ་ཁང་སྟོན་ས་བཅད་དེ། ། འཕགས་པའི་དངོས་སློབ་འདུལ་སེང་ཕྱོགས་སྔར་བཀོད། ། འཕགས་པའི་དངོས་སློབ་སྤྲོ་ལུང་ཀུན་སྨོན་གྱིས། ། མཆན་དང་ས་བཅད་དཀའ་འགྲེལ་རྣམ་གསུམ་མཛད། ། སེང་གེ་དཔལ་གྱིས་ས་བཅད་དཀའ་འགྲེལ་བྱས། ། དེ་རྣམས་སྔར་གྱི་རྩ་བའི་དཔེ་ཆ་སྟེ། ། རྗེ་བཙུན་ཀུན་དགའ་བཟང་པོའི་དྲིན་གྱིས་མཐོང་། ། དམར་དང་དཔལ་གྱི་མཆན་ཡང་ཡོད་ཅེས་གསུངས། ། འདི་དག་ཆོས་རྗེ་ཡབ་སྲས་མ་གཏོགས་པ། ། ཕྱིས་ཀྱི་ཊཱིཀྐ་བྱེད་པས་མཐོང་བ་མེད། ། དཔལ་ལྡན་བླ་མའི་དངོས་སློབ་བསམ་ཡས་པས། ། རྣམ་བཤད་བཟང་པོ་རབ་འབྱམས་བྲིས་མོད་ཀྱང་། ། གོང་མའི་གསུང་རབ་རྒྱུད་གསུམ་མན་ངག་སོགས། ། རྒྱུད་སྡེའི་དོན་ལ་མཁྱེན་པ་མ་རྒྱས་པས། ། ནོར་བའི་རྣམ་གཞག་རགས་པ་དུ་མ་སྣང་། ། འཇམ་དབྱངས་རིན་རྒྱལ་དེ་ཉིད་མང་སླད་དུ། ། བུ་སྟོན་སློབ་མ་དཀོན་གྲགས་ཊཱིཀྐ་ཡང་། །