logo
གཎྜིའི་རྣམ་བཞག་ལེགས་པར་བཤད་པ་རྟ་བདུན་རྒྱལ་པོ་བློ་གསལ་ཡིད་ཀྱི་པདྨོ་ཁ་འབྱེད།
----- འཇམ་མགོན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས། -----
༄༅། ། གཎྜིའི་རྣམ་བཞག་ལེགས་པར་བཤད་པ་རྟ་བདུན་རྒྱལ་པོ་བློ་གསལ་ཡིད་ཀྱི་པདྨོ་ཁ་འབྱེད་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བུདྡྷ་དྷྭ་ཛ་ཡེ། ཡོངས་རྫོགས་བསྟན་པའི་མངའ་བདག་ས་སྐྱ་པ།རྗེ་བཙུན་གོང་མ་ལྔ་དང་། ། བརྒྱུད་པར་བཅས་ངོར་པ་རྡོ་རྗེ་འཆང་དང་མུས་ཆེན་སེམས་དཔའ་ཆེན་པོ་སོགས་པའི་བཞེད་བཞུགས་རྒྱ་མཚོ་ཡི། ། ཐུན་མོང་མིན་པའི་དགོངས་པ་འགྲེལ་མཁས་པའི། ། ཀུན་མཁྱེན་བསྟན་པའི་ཉི་མ་རྟག་ཏུ་རྒྱལ། ཐམས་ཅད་མཁྱེན་པ་ཟས་གཙང་སྲས་པོ་ཡི། ། བསྟན་པའི་རྩ་བ་རྣམ་དག་དགེ་འདུན་སྡེ། ། འཕེལ་ཞིང་རྒྱས་བྱེད་ཆོས་ཀྱི་གཎྜི་ཡི། ། རྣམ་བཤད་རྣམ་བདུན་རྒྱལ་པོ་ཞེས་བྱ་འདི། ། འཆད་པར་འགྱུར་གྱི་མང་ཐོས་དཔྱོད་ལྡན་རྣམས། ། ལེགས་པར་ལྟོས་ལ་ལེགས་བཤད་རི་མོར་བྲིས། ། རང་གིས་རྟོགས་ནས་གཞན་ལའང་སྤེལ་བར་མཛོད། ། དེ་ལྟར་བགྱིས་ན་དོན་གཉིས་འགྲུབ་པར་འགྱུར། ། ཀྱེ་མ་དེང་སང་བསྟན་པའི་སྒོ་ཞུགས་རྣམས། ། ཕལ་ཆེར་གཞུང་ལུགས་མིང་ཙམ་ཤེས་པས་ཚིམ། ། དེ་ཕྱིར་འདི་ལའང་གཎྜིའི་མིང་ཤེས་པས། ། ཆོག་པར་མ་འཛིན་རྣམས་བཤད་འདི་ལོངས་ཤིག །དེ་ལ་འདིར་གཎྜིའི་རྣམས་དབྱེ་སྤྱིར་བསྟན་པ་དང་། དེའི་རྣམ་གཞག་བྱེ་བྲག་ཏུ་བཤད་པ། དེ་ཉིད་བསྐུལ་ཚུལ་གྱི་གྲངས་ལ་དགོས་པའི་མཐའ་གཅད་པ་དང་གསུམ་ལས། དང་པོ་ནི། མདོ་རྩ་བར། བསྡུ་བའི་ཕྱིར་གཎྜི་བརྡུང་ངོ་། ། དེའི་གནས་ནི་ཁ་སྟེང་ངོ་། དགེ་འདུན་བསྡུ་བའི་ཕྱིར་ནི་རྒྱུད་གསུམ་དང་དེ་སྙེད་ཀྱི་ཏོག་དག་གོ །ལས་བྱ་བའི་དོན་དུ་ནི་རྒྱུད་གཅིག་དང་ཏོག་གསུམ་མོ། ། ཁ་ཅིག་ལས་ནི་རྒྱུད་གསུམ་དང་རྟོག་གཉིས་སོ་ཞེས་སོ། ། ཤི་བ་ལ་ཕྲག་པ་དབྱུང་བའི་དོན་དུ་བྱི་བོའོ། ། ཁ་གཅིག་ལས་ནི་རྒྱུད་གཅིག་དང་ཏོག་གཅིག་གོ་ཞེས་སོ། ། སྤོང་བ་པའི་དོན་དུ་ནི་འཁར་སིལ་ལོ། ། ཁ་གཅིག་ལས་ནི་གཎྜི་ཆུང་དུ་ཞེས་པའོ། ། གནོད་པ་བྱུང་བ་ལ་ནི་ཇི་ཙམ་གྱི་ཆོག་པའོ། ། ཟས་ཀྱི་ཕྱིར་འདུ་བའི་དོན་དུ་ནི་གཎྜི་དང་གཎྜི་ཆུང་ངུ་གཉིས་ཀ་བརྡུང་ངོ་། ། བར་དུ་བཅད་དེའོ། ། འགྱང་བས་སོ། ། འདུས་པ་ཆེན་པོའི་ཚེ་གཎྜི་བརྡུངས་པས་གོ་བར་མི་འགྱུར་བ་ན་དུང་བསྒྲིགས་ཏེ་འབུད་པར་བྱའོ། ། རྔ་བོ་ཆེ་དག་བརྡུང་ངོ་། ། ཞེས་གསུངས་པ་འདི་ཉིད་ལ་དབྱེ་ན་ལྔ་སྟེ། འདུ་བའི་གཎྜི། ལས་ཀྱི་གཎྜི། སྤོང་བའི་གཎྜི། ཤི་བའི་གཎྜི། བསྐྲོད་པའི་གཎྜི་དང་ལྔ་ལས། དང་པོ་ནི། ཆོས་དང་བསྙེན་བསྐུར་སོགས་ལ་འདུ་བ་སྟེ། རྒྱུད་གསུམ་དང་ཏོག་གསུམ་ཡིན་ལ། རྒྱུད་གསུམ་ནི། དང་པོ་གན་གཡོག་ཤུགས་ཆུང་ངུ་ནས་བཅོ་བརྒྱད་ཀྱི་བར་དུ་ཇེ་ཆེ་ཇེ་ཆེ་བརྡེག་ཅིང་། བཅུ་དགུ་པ་ནས་སོ་ལྔའི་བར་དུ་ཇེ་ཆུང་ཇེ་ཆུང་བརྡེག་པ་ཚར་གཅིག་ནི་རྒྱུད་གཅིག་ཡིན་པས། དེ་འདྲ་བ་ཚར་གསུམ་ནི་རྒྱུད་གསུམ་ཡིན་ནོ། ། ཏོག་གསུམ་ནི་ཤུགས་ཆེན་པོས་མཚམས་ཆོད་ངོས་ཤེས་པ་ལན་གསུམ་བརྡེག་པ་སྟེ་རྒྱ་ཉག་བརྒྱད་དོ། ། གཉིས་པ་ནི། ལས་གྲྭ་སོགས་ལ་འདུ་བ་སྟེ་རྒྱུད་གསུམ་དང་ཏོག་གཉིས་ཡིན་ནོ། ། གསུམ་པ་ནི། དགེ་སློང་གི་དགེ་འདུན་བསམ་གཏན་ལ་ཞུགས་པའི་སྒོར་འཁར་སིལ་ཁྲོག་པ་སྟེ་གཎྜིའི་སྒྲར་གདགས་སོ། ། གཞན་ཡང་སིལ་སྙན་དང་། དུང་དང་། འཁར་རྔ་དང་། རྔ་བོ་ཆེ་རྣམས་ལ་ཡང་གཎྜིའི་སྒྲར་གདགས་པར་ཤེས་པར་བྱའོ། ། བཞི་པ་ནི། དགེ་སློང་གི་དགེ་འདུན་ཤི་བའམ། ཕུང་པོ་འདོན་པའི་དུས་སུ་རྒྱུད་གཅིག་པུ་ཡིན་པས་ཏོག་མེད་དོ། ། ལྔ་པ་ནི། གནོད་པ་བྱུང་བའི་དུས་ཡིན་པས། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ། དགེ་སློང་གི་དགེ་འདུན་ཆོས་མི་མཐུན་གྱི་བྱ་བ་ཆེན་པོ་བྱས་པའམ། ལོ་ཏོག་ལ་གནོད་པའི་སེར་བ་ཆེན་པོ་སོགས་བྱུང་བའི་ཚེའམ། དགེ་སློང་གི་དགེ་འདུན་གྱི་ལོངས་སྤྱོད་དང་བཅའ་བ་བྱས་པ་སོགས་ལ་གནོད་པའི་དགྲ་དང་། ཆོམ་རྐུན་དང་། ཨར་པོ་ལ་སོགས་པ་སྤྲོད་པར་བྱེད་པ་སྟེ། གཎྜི་དེ་དྲག་ཏུ་བརྡུངས་ཤིང་གྲངས་ངེས་པ་མེད་པའོ། །