རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ལ་ཝ་བྷུ་ཏི་པའི་རྣམ་ཐར་བསྟོད་པ།
༄༅། །
རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ལ་ཝ་བྷུ་ཏི་པའི་རྣམ་ཐར་བསྟོད་པ་བཞུགས་སོ།། ན་མོ་གུ་ར་ཝེ། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དྲིན་ཅན་རྡོ་རིངས་པ་ཆེན་པོ་ལ། ཡོན་ཏན་རྟོགས་པར་བརྗོད་པའི་སྒོ་ནས་བསྟོད་པ་དངོས་གྲུབ་ཡིད་བཞིན་གྱི་ཆུ་གཏེར་བཞད་པ་ཞེས་བྱ་བ། རྗེ་བླ་མ་རྡོ་རྗེ་འཆང་དེ་ཉིད་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །
རིགས་བརྒྱའི་ཁྱབ་བདག་ཀུན་བཟང་ཧེ་རུ་ཀ །བཀའ་དྲིན་མཉམ་མེད་མཁས་གྲུབ་ཆོས་ཀྱི་རྗེ། །
གསང་ཆེན་བསྟན་པའི་ཉི་མ་རྡོ་རིངས་པ། །
རྣལ་འབྱོར་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །
མགོན་ཁྱོད་ཆོས་སྐུ་བདེ་ཆེན་མཁའ་དབྱིངས་ནས། །
གཟུགས་སྐུ་ཉི་ཟླའི་སྣང་བརྙན་བགྲང་ཡས་སྤྲུལ། །
སྐལ་བར་འཚམས་པའི་ཟབ་ཡངས་འོད་འཕྲེང་གིས། །
འགྲོ་བའི་མུན་སེལ་མཆོག་ལ་གསོལ་བ་འདེབས། །
བསྐལ་བཟང་འདི་ལ་བདེ་གཤེགས་འཁོར་བ་འཇིག །ལཱ་བའི་ཞབས་དང་བྲམ་ཟེ་མཆོག་སྲེད་དང་། །
ཕག་གྲུ་པ་དང་རི་ཕུག་རྣལ་འབྱོར་སོགས། །
རྣམ་འཕྲུལ་དུ་མར་བསྟན་ལ་གསོལ་བ་འདེབས། །
དུས་འདིར་བྱང་ཕྱོགས་ཁ་བའི་སྨན་ལྗོངས་ཀྱི། །
གཙང་གི་རྡོ་རིངས་ཞེས་བྱའི་གྲོང་ཁྱེར་དུ། །
ཡབ་མཆོག་རྒྱལ་རིགས་ཡེ་ཤེས་མཁའ་འགྲོ་མའི། །
སྲས་སུ་བསམས་བཞིན་འཁྲུངས་ལ་གསོལ་བ་འདེབས། །
གཞོན་ནུའི་དུས་ནས་བྱིས་པའི་སྤྱོད་ལས་འདས། །
སྲུང་མའི་ཞལ་གཟིགས་གདུག་ཅན་འབྱུང་པོ་བཏུལ། །
རྡོ་རྗེ་འཆང་དངོས་རྗེ་བཙུན་ཨེ་ཝྃ་པས། །
ལུང་བསྟན་རྗེས་སུ་བཟུང་ལ་གསོལ་བ་འདེབས། །
པདྨས་ལུང་བསྟན་སྤྲུལ་པའི་རྒྱལ་པོ་ཡིས། །
མཆོག་ཏུ་བསྔགས་ཤིང་ཁྱིམ་པའི་སྤྱོད་ཚུལ་གྱིས། །
ཡངས་པའི་རྒྱལ་ཁམས་བྱམས་པའི་ཁྲིམས་ཀྱིས་བསྐྱངས། །
ཆོས་ཀྱི་རྒྱལ་པོ་ཁྱོད་ལ་གསོལ་བ་འདེབས། །
ཕྱི་རོལ་སྣང་བ་ན་བུན་ལྟ་བུར་ཤར། །
རང་རིག་གདོད་མའི་མགོན་པོ་རང་ཞལ་གཟིགས། །
རྒྱལ་ཚབ་བླ་མས་བསྟོད་བསྔགས་ཤིས་བརྗོད་མཛད། །
ཉམས་རྟོགས་ཡེ་ཤེས་འཁྲུངས་ལ་གསོལ་བ་འདེབས། །
དྲེགས་ལྡན་འབྱུང་པོས་ཞབས་ཀྱི་པདྨར་བཏུད། །
མཚན་ལྡན་ཌཱ་ཀིས་བདེ་ཆེན་ཡེ་ཤེས་བསྐྱེད། །
ལས་མགོན་ནག་པོས་དམ་ཉམས་མགོ་བོ་ཕུལ། །
གྲུབ་དབང་གཞོན་ནུའི་ཞབས་ལ་གསོལ་བ་འདེབས། །
འོད་གསལ་ངང་དུ་རྗེ་བཙུན་ས་སྐྱ་པ། །
དཀར་པོ་རྣམ་གསུམ་ཞལ་གཟིགས་ལུང་བསྟན་ཐོབ། །
ཞིང་སྐྱོང་དབང་པོས་གཏོར་མ་དངོས་སུ་བླངས། །
ཏིང་འཛིན་དབང་པོ་ཁྱོད་ལ་གསོལ་བ་འདེབས། །
དག་པའི་རྨི་ལམ་ཡུལ་ནས་མདོ་ཁམས་དང་། །
རྒྱ་ཧོར་ཡུལ་གཟིགས་ཨོ་རྒྱན་གནས་སུ་བྱོན། །
ཨིནྡྲ་བྷཱུ་ཏི་དང་མཇལ་སྨོན་ལམ་བཏབ། །
མཁའ་འགྲོས་གསང་རྫས་ཕུལ་ལ་གསོལ་བ་འདེབས། །
རྡོ་རྗེ་གདན་དུ་མ་ཧཱ་བོ་དྷི་མཇལ། །
རང་གི་བླ་མ་མཆོག་དང་གསུང་གླེང་མཛད། །
མུ་སྟེགས་རྣམས་ལ་རྡོ་ཆར་ཕབ་སྙམ་ཚེ། །
སླར་ཡང་བྱམས་པས་བསྐྱངས་ལ་གསོལ་བ་འདེབས། །
གྲུ་འཛིན་རི་བོའི་རྩེ་མོར་སྤྱན་རས་གཟིགས། །
ཞལ་མཇལ་རྩ་བའི་ཙན་དན་ནགས་ཚལ་དུ། །
ཡུམ་མཆོག་སྒྲོལ་མ་ཐ་མལ་བུད་མེད་ཀྱི། །
རྣམ་པར་རོལ་པས་གཟིགས་ལ་གསོལ་བ་འདེབས། །
སྟག་ཞོན་ནག་པོ་སྟག་གི་གཟུགས་སུ་གཟིགས། །
དུར་ཁྲོད་བདག་པོས་ཆུ་བོའི་འཇིགས་ལས་བསྒྲལ། །
གློ་བུར་འབྱོན་ཚེ་རྒྱུན་གཏོར་མཁའ་ངོས་འཕར། །
པེ་ཧར་བཀའ་བཞིན་བསྒྲུབས་ལ་གསོལ་བ་འདེབས། །
དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་དུ། །
རྡོ་རྗེ་འཆང་དབང་བློ་གྲོས་རྒྱལ་མཚན་དཔལ། །
བཟང་པོའི་ཞབས་ཀྱི་ཟླ་དབང་མངོན་སུམ་མཇལ། །