logo
ཚད་མའི་རྟགས་རིགས་པའི་སྐོར་གཏན་ལ་འབེབས་པར་བྱེད་པ་སྡེ་བདུན་སྒོ་བརྒྱ་འབྱེད་པའི་འཕྲུལ་གྱི་ལྡེའུ་མིག
----- བློ་གཏེར་དབང་པོ། -----
༄༅། ། ཚད་མའི་རྟགས་རིགས་པའི་སྐོར་གཏན་ལ་འབེབས་པར་བྱེད་པ་སྡེ་བདུན་སྒོ་བརྒྱ་འབྱེད་པའི་འཕྲུལ་གྱི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ།། ན་མོ་མཉྫུ་ཤྲཱི་ཡེ། ཕྲ་རབ་རྡུལ་སྙེད་ཞིང་གི་རྒྱལ་རྣམས་ལས། ། སྙིགས་མའི་འགྲོ་ལ་བརྩེ་བའི་གཡར་དམ་གྱིས། ། རྒྱལ་བའི་རྒྱལ་བ་ལྟ་བུར་མངོན་འཕགས་པ། ། ཤཱཀྱའི་གཙོ་བོ་དེ་ལ་གུས་པས་འདུད། ། དམར་སེར་དྷཱིཿཡིག་འོད་ཀྱི་དྲྭ་བ་ཡིས། ། རྨོངས་ཆེན་མུན་པའི་བརྟན་པ་འཕྲོག་པ་དང་། ། ཡེ་ཤེས་སྣང་བས་བློ་གྲོས་དབང་བྱས་པ། ། ཅིག་ཅར་གྲུབ་མཛད་མཁྱེན་བརྩེའི་དབང་པོས་སྐྱོངས། ། རིགས་པའི་མཚོན་ཆ་རྣོན་པོ་གཅིག་གིས་ཀྱང་། ། ཕས་རྒོལ་འབུམ་གྱི་ལོག་རྟོག་ལྷག་མེད་དུ། ། གཅོད་མཁས་ཕྱོགས་གླང་ཆོས་ཀྱི་གྲགས་པ་སོགས། ། སྨྲ་བའི་རལ་གྲི་རྣམས་ནི་ཕྱག་གི་ཡུལ། ། ལོག་རྟོག་ཉམ་ངའི་གཡང་སར་འཕྱན་པ་རྣམས། ། ལུང་དང་རིགས་པའི་ཕྱག་གིས་ཡོངས་བཟུང་ནས། ། ཡང་དག་ལམ་གྱི་སྣང་བ་སྦྱིན་པའི་དཔལ། ། འཇམ་དབྱངས་བླ་མ་སྲས་བཅས་གཏན་གྱི་སྐྱབས། ། རྒྱལ་བའི་དགོངས་པ་རིགས་ལམ་ནས་དྲངས་ཏེ། ། མཁས་ཚུལ་གསུམ་གྱིས་ཐུབ་བསྟན་གསལ་མཛད་ཅིང་། ། སྐལ་བཟང་བྱེ་བའི་བློ་གྲོས་མིག་འབྱེད་པའི། ། རྣམ་འདྲེན་དམ་པ་རྣམས་ལ་གུས་བཏུད་ནས། ། ཐ་སྙད་གནས་ཚུལ་འཇལ་བྱེད་ཚད་མའི་གཞུང་། ། རྟོགས་པ་དངོས་སྟོབས་རིགས་པར་ལྟོས་པ་དང་། ། རང་ཉིད་འདི་དང་གཞན་དུ་གོམས་བྱའི་ཕྱིར། ། གཞན་ཕན་ལེགས་བཤད་མེད་ཀྱང་འབྲི་ལ་སྤྲོ། ། དེ་ལ་འདིར་ཐར་པ་དོན་དུ་གཉེར་བའི་གང་ཟག་རྣམས་ཀྱིས་ཇེ་ཐོག་མར་ཆོས་དང་། ཆོས་མ་ཡིན་པ་རྣམ་པར་ཕྱེ་ནས་ཡང་དག་པའི་ལམ་ལ་ངེས་ཤེས་གཏིང་ཚུགས་པས་ཐོས་བསམ་སྒོམ་གསུམ་ལ་རིམ་གྱིས་འཇུག་པ་ཡིན་ནོ། ། དེའི་ཕྱིར་དངོས་པོར་སྟོབས་ཞུགས་ཀྱི་རིགས་པ་འདི་གཏན་ལ་འབེབས་པར་རིགས་སོ། ། དེ་ལའང་བློ་རིགས་དང་། རྟགས་རིགས་གཉིས་ལས། འདིར་ཕྱི་མ་གཏན་ཚིགས་ཀྱི་རིགས་པ་འཆད་པ་ལ། རང་དོན་རྗེས་དཔག་དང་། གཞན་དོན་རྗེས་དཔག་གཉིས། དང་པོ་ལ་གཉིས་ཏེ། མཚན་ཉིད་དང་། དབྱེ་བའོ། ། དང་པོ་ནི། ཚུལ་གསུམ་ཚང་བའི་རྟགས་ལས་བསྒྲུབ་བྱ་རྟོགས་པའི་བློ་སྟེ། ཚད་མ་མདོར། རྗེས་དཔག་རྣམ་གཉིས་རང་དོན་ནི། ། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། ། ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ལྟོས་གཞི་ཕྱོགས་བཤད་པ་དང་། དེ་ལ་ལྟོས་པའི་རྟགས་ཀྱི་རབ་ཏུ་དབྱེ་བའོ། ། དང་པོ་ལའང་གཉིས་ཏེ། ཚུལ་དང་པོའི་ལྟོས་གཞི་ཕྱོགས་དང་། རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་བཤད་པའོ། ། དང་པོ་ཕྱོགས་སྒྲའི་རྣམ་གཞག་ལ། སྤྱིར་རྟོག་གེའི་བསྟན་བཅོས་ལས་ཕྱོགས་ཞེས་པའི་སྒྲ་དེ་འཇུག་ཡུལ་གསུམ་ལས། དང་པོ་ཤེས་འདོད་ཆོས་ཅན་ལ་འཇུག་སྟེ། རང་འགྲེལ་ལས། ཕྱོགས་ནི་ཆོས་ཅན་ཏེ་ཡན་ལག་ལ་སྤྱི་ཉེ་བར་བཏགས་པའི་ཕྱིར་རོ། ། ཞེས་གསུངས་པའི་དོན། ཕྱོགས་ནི་སྤྱིའི་སྒྲ་ཡིན་ཞིང་། ཆོས་ཅན་ནི་བྱེ་བྲག་གམ་ཡན་ལག་ཡིན་ལ། སུའི་ཡན་ལག་ཡིན་ཞེ་ན། ཚོགས་དོན་གྱིའོ། ། ཡན་ལག་དེར་སྤྱིའི་སྒྲ་ཉེ་བར་བཏགས་ནས། ཞེས་སོ། ། རྒྱུ་མཚན་ཅི་ཡོད་ཅེ་ན། དེ་ཉིད་ལས། ཆོས་ཅན་གྱིས་ཆོས་ཐམས་ཅད་ཡིན་པར་དགག་པའི་ཕྱིར་དེའི་ཕྱོགས་གཅིག་ཡིན་པའི་ཕྱིར། ཞེས་པའི་དོན་ཆོས་ཅན་གྱིས་ཆོས་ཐམས་ཅད་ཡིན་པར་དགག་ནས་དེའི་ཕྱོགས་གཅིག་སྟེ། ཆོས་ཅན་ཡིན་པར་རྟོགས་པའི་ཕྱིར། ། ཞེས་སོ། ། ཡང་དེ་ཉིད་ལས། དེ་ལྟར་མིན་ན་མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་པའི་དོན། མིག་བེམ་པོ་བྱེ་བྲག་པ་ལ་རྣམ་ཤེས་སོགས་ཚོགས་པའི་མིང་གིས་བཏགས་པས་མིག་གིས་གཟུགས་གཟུང་བ་ཡིན་ལ། བྱེ་བྲག་ལ་སྤྱི་མིང་མ་བཏགས་ན། མིག་བེམ་པོས་གཟུགས་དོན་གཟུང་བར་འགྱུར་བར་ཐལ་ལོ་ཞེས་སོ། །