logo
མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱས་འགྲེལ་བཤད་སྦྱར་ཡིད་ཀྱི་མུན་སེལ་བྱ་བ།། པོད་གཉིས་ལས་སྟོད་ཆ།
----- ཉ་དབོན་ཀུན་དགའ་དཔལ། -----
༼སྟོད་ཆ།༽ ༄༅། ། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱས་འགྲེལ་བཤད་སྦྱར་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ།། ། །མངོན་པར་རྟོགས་པའི་རྒྱན་གྱི་བཤད་སྦྱར་ཡིད་ཀྱི་མུན་སེལ་ཞེས་བྱ་བ། རྒྱལ་བའི་ཡུམ་སྲས་འཕགས་བཞི་དང་བཅས་པ་ལ་ཕྱག་འཚལ་ལོ། ། དགེ་ལེགས་ཡིད་བཞིན་ནོར་བུས་རབ་གཏམས་ཤིང་། ། འཕགས་བཞི་འདབ་སྟོང་ལྡན་པ་བསྐྲུན་པའི་ཡུམ། ། གཞན་ཕན་བརླབས་ཕྲེང་བྱེ་བས་བརྒྱན་པ་ཅན། ། རྒྱལ་ཡུམ་ཆུ་གཏེར་ཆེ་ལ་ཕྱག་འཚལ་ལོ། ། གང་ཞིག་ཆོས་སྐུའི་བྱ་ལམ་ཡངས་པར་ལོངས་སྐུའི་དཀྱིལ་འཁོར་ཡོངས་རྫོགས་ཤིང་། ། ཕུན་ཚོགས་སྤྲུལ་སྐུའི་གཟའ་སྐར་ཕྲེང་བ་དུ་མས་རྣམ་པར་བསྐོར་བ་ཅན། ། རྣམ་ཀུན་མཁྱེན་པའི་རི་བོང་གིས་མཚན་ཐུབ་དབང་སྨྲ་བའི་ཟླ་བ་ནི། ། དམ་ཆོས་བདུད་རྩིའི་འོད་དཀར་དེ་དང་དེ་སྒྲུབ་དགེ་འདུན་ཚོགས་ལ་འདུད། ། གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཕྱིན། ། སྡུག་བསྔལ་གྱིས་གཙེས་ཚུར་རོལ་འཁོར་བར་བཞུགས། ། མི་རྟོག་ཡེ་ཤེས་རྒྱུན་ཆད་མེད་པ་ཅན། ། སོར་རྟོག་ཡེ་ཤེས་མཐར་ཕྱིན་འཇམ་མགོན་མཆོད། ། བདག་པས་གཞན་གཅེས་བྱམས་པའི་དཀྱིལ་འཁོར་རྫོགས། ། སྡུག་བསྔལ་སྤོང་བཞེད་ཐུགས་རྗེའི་འོད་སྟོང་འཕྲོ། ། རྒྱལ་ཡུམ་འདབ་བརྒྱ་ཀུན་ནས་རྒྱས་མཛད་པ། ། མ་ཕམ་ནམ་མཁའི་ནོར་བུར་ཕྱག་འཚལ་ལོ། ། མཐའ་ཡས་བསྐལ་པར་ལེགས་བཤད་ལ་གོམས་པས། ། རྒྱལ་ཡུམ་རྒྱན་བཅས་དགོངས་དོན་རབ་རྟོགས་ནས། ། ཐུགས་རྗེས་དཔེ་འཁྱུད་མེད་པར་སྟོན་མཛད་པ། ། རྒྱལ་སྲས་བཟང་པོའི་ཞབས་པད་དྲི་མེད་མཆོད། ། མཐའ་ཡས་གསུང་རབ་རྒྱ་མཚོའི་ཕ་རོལ་སོན། ། མཐའ་ཡས་འགྲོ་ལ་ལེགས་བཤད་དགའ་སྟོན་སྤེལ། ། མཐའ་ཡས་ཕྱོགས་སུ་བསྟན་པ་རྒྱས་མཛད་པ། ། མཐའ་ཡས་རྒྱལ་སྲས་ཐུ་བོ་བུ་སྟོན་རྒྱལ། ། གང་གི་བློ་གྲོས་ནམ་མཁའི་ཁམས་ལས་ཡངས། ། དེ་སླད་གསུང་རབ་ངེས་དོན་རྫོགས་པར་དགོངས། ། དམ་ཆོས་ཆེད་དུ་སྲོག་ཀྱང་གཏོང་ནུས་པ། ། དོལ་བོ་བར་གྲགས་བླ་མ་མཆོག་ལ་འདུད། ། གཞུང་ལུགས་འདི་དོན་མཁས་པའི་དབང་པོ་ཡིས། ། རྒྱ་ཆེར་འགྲེལ་པའི་རྣམ་བཤད་ཡོད་མོད་ཀྱི། ། རྨིག་རྗེས་ནང་དུ་རྒྱ་མཚོ་ཇི་བཞིན་དུ། ། གཞན་བློའི་སྣོད་དུ་ཤོང་བ་ཤིན་ཏུ་དཀའ། ། དེ་སླད་རྒྱ་བོད་མཁས་པས་ལེགས་བཤད་པ། ། ཕལ་ཆེར་གསལ་ལ་རྫོགས་པར་བསྡུ་བ་ཡི། ། བཤད་སྦྱར་ཡིད་ཀྱི་མུན་སེལ་རྩོམ་པ་ལ། ། རིང་མོ་ཞིག་ནས་བདག་ཡིད་རབ་ཏུ་སྤྲོ། ། མཁྱེན་བརྩེ་ནུས་མཐུ་དཔག་ཡས་མངའ་བ་ཡི། ། རྒྱལ་བ་སྲས་བཅས་བླ་མའི་ཚོགས་རྣམས་ཀྱིས། ། བདག་བློའི་རྨོངས་པ་མཐའ་དག་རབ་བསལ་ནས། ། འདི་ལ་ཡང་དག་ཞུགས་པ་མྱུར་གྲུབ་མཛོད། ། ལེགས་པར་བརྟགས་ན་ཚིག་བཞིའི་དོན་ལ་ཡང་། ། ཡིད་བརྟན་མེད་པར་མཁས་པར་རློམ་པ་ཡི། ། སྐྱེ་བོ་དག་གིས་ཕྲག་དོག་ཆུ་འཛིན་གྱིས། ། ལེགས་བཤད་ཟླ་འོད་སྒྲིབ་པར་མ་གྱུར་ཅིག །བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་ཐུགས་རྗེས་བརླན་པ་དེས། སེམས་ཅན་མགོན་མེད་པ་ཤིན་ཏུ་ཉམས་ཐག་པ་རྣམས་སྐྱབས་པའི་ཕྱིར་དུ་རབ་ཏུ་བརྩོན་པས་ཚོགས་གཉིས་སྒྲུབས་ཏེ་ཀུན་ཏུ་བཟང་པོའི་ས་བརྙེས་བར་མཛད་དེ། འཁོར་ལོ་རིམ་པ་གསུམ་གྱི་སྒོ་ནས་བརྒྱད་ཁྲི་བཞི་སྟོང་གི་ཆོས་ཀྱི་ཕུང་པོ་གསུངས་ཤིང་དེ་རྣམས་ལས་ཀྱང་ཆོས་ཀྱི་རང་སྤྱིའི་མཚན་ཉིད་བདེན་པའི་རང་བཞིན་མེད་པར་སྟོན་པའི་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་རྣམས་ཁྱད་པར་དུ་འཕགས་ལ། དེ་རྣམས་ཀྱི་དགོངས་པ་འགྲེལ་པའི་བསྟན་བཅོས་ལ་ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་ཏེ། འཕགས་པ་ཀླུ་གྲུབ་ཀྱིས་རྒྱལ་བའི་ཡུམ་གྱི་སྙིང་པོའི་དོན་གཙོ་བོར་སྟོན་པ་དབུ་མ་རིགས་ཚོགས་མཛད་དེ། རྩ་ཤེས། སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རྩོད་བཟློག ཐ་སྙད་གྲུབ་པ་སྟེ་དྲུག་ལས་ཕྱི་མ་བོད་དུ་མ་འགྱུར་རོ། །